བྱང་གཏེར་དཔྱད་ཞིབ་ངོ་སྤྲོད།

༼ བྱང་གཏེར་དཔྱད་ཞིབ་ཀྱི་ངོ་སྤྲོད་མདོར་བསྡུས། ༽

༄༅། །བྱང་གཏེར་ཞིབ་འཇུག་འདི་ནི་ཧྥ་རན་སི་རྒྱལ་ཁབ་ཀྱི་ཞིབ་འཇུག་ལས་ཁུངས་སམ་ANR ཡིས་འགྲོ་གྲོན་བཏང་བའི་ལས་འཆར་ཞིག་ཡིན། ལས་འཆར་འདི་ནི་གསང་སྔགས་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་ཡན་ལག་གམ་ནང་གསེས༼བྱང་གཏེར་༽ཞེས་པ་འདིའི་ཆོས་འབྱུང་དང་ལོ་རྒྱུས་ལ་དཔྱད་ཞིབ་བྱ་རྒྱུ་ཡིན། སྔ་འགྱུར་རྙིང་མའི་ནང་གསེས་བྱང་གཏེར་(ཆོས་བརྒྱུད་)འདི་ནི་རང་ཚུགས་ཀྱི་སྒོ་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན། དེང་གི་ཆར་ཡང་ཆོས་བརྒྱུད་འདིའི་ཕྱག་སྲོལ་ཡོངས་རྫོགས་གྲ་དང་གྲུ་མ་ཉམས་པར་གནས་མུས་རེད། ཆོས་བརྒྱུད་འདི་དུས་རབས་བཅུ་བཞི་པ་སྤྱི་ལོ་༡༣༦༦ལོར་རིག་འཛིན་རྒོད་ལྡེམ་གྱིས་ཟང་ཟང་ལྷ་བྲག་ནས་ཟབ་གཏེར་བཞེས་པ་ནས་འགོ་ཚུགས་ཏེ་ཆོས་བརྒྱུད་འདིའི་ཕྱག་སྲོལ་དང་ཉམས་བཞེས་ཀྱི་སྙིང་པོ་དང་རྨང་གཞི་སྟོན་པའི་རྩ་བའི་པོད་༡༥་བྱུང་བ་དང་དེའི་ཐོག་རིམ་པས་(རིག་འཛིན་ཆེན་པོའི་)སྔོན་དང་ཕྱིས་ཀྱི་རིག་འཛིན་སྐུ་ཕྲེང་ན་རིམ་གྱི་གཏེར་ཆོས་བཙུད་པ་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆ་ལག་ཡོངས་སུ་རྫོགས་པ་ཞིག་ཆགས་ཡོད། དུས་རབས་བཅུ་བདུན་པའི་འགོ་ཙམ་ལ་རྡོར་བྲག་རིག་འཛིན་སྐུ་ཕྲེང་གསུམ་པ་ངག་གི་དབང་པོས་ཆོས་གྲྭ་ཆེན་མོ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་གསར་དུ་བཞེངས་པ་དང་། དེ་བཞིན་༧རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གིས་བོད་ཀྱི་ཆབ་སྲིད་སྐྱོང་བའི་རིང་ལ་རྡོར་བྲག་རིག་འཛིན་བཞི་པ་པདྨ་འཕྲིན་ལས་མཆོག་དང་ཆོས་ཡོན་གྱི་འབྲེལ་བ་དམ་ཟབ་བྱུང་བར་བརྟེན་ཆོས་བརྒྱུད་འདིའི་བསྟན་པ་དར་འཕེལ་དང་འཕྲིན་ལས་ཡང་ཆེ་ཆེར་རྒྱས་ཡོད།
དེ་རྗེས་སོག་པོ་ཨོ་རོད་ཇུན་གར་བས་བོད་ལ་བཙན་འཛུལ་བྱས་པ་ལ་བརྟེན་བྱང་གཏེར་རྡོ་རྗེ་བྲག་ཀྱི་ལུགས་འདི་ལའང་གོད་ཆགས་ཆེན་པོ་ཕོག འོང་ཀྱང་༧རྒྱལ་མཆོག་སྐུ་ཕྲེང་བདུན་པ་མཆོག་གི་བདག་རྐྱེན་དང་སྐྱེས་ཆེན་མཁས་པ་མང་པོའི་དཀའ་སྤྱད་དང་སྙིང་རུས་ལ་བརྟེན་ནས་བྱང་གཏེར་རྡོ་རྗེ་བྲག་ལུགས་ཀྱི་ཆོས་བརྒྱུད་འདི་དབུས་གཙང་ཕྱོགས་སུ་རྒྱུན་གནས་ཐུབ་ཡོད། དུས་རབས་བཅོ་བརྒྱད་ཙམ་ནས་བོད་ཤར་ཕྱོགས་མདོ་ཁམས་སུ་འཁོར་གདོང་དང་ཤགས་འབྱུང་དགོན་སོགས་སུ་ལུགས་འདི་སྐྱར་གསོ་དང་དར་འཕེལ་ཆེན་པོ་བྱུང་ཡོད།
ANRཡིས་འགྲོ་གྲོན་བཏང་བའི་ལས་འཆར་འདི་བྱུང་བའི་རྒྱུ་རྐྱེན་ནི་སྤྱི་ལོ་༢༠༡༥་ལོར་བྱང་གཏེར་གྱི་དཔེ་ཆ་ཕྱོགས་བསྒྲིགས་པོད་༦༣་ གྱི་བདག་ཉིད་ཅན་པར་བསྐྲུན་བྱུང་བ་དང་། དེའི་ཁྲོད་དུ་ད་བར་ཡོངས་གྲགས་མ་ཡིན་པ། ཕལ་ཆེར་དུས་རབས་དགུ་པ་ཙམ་ནས་ཉེ་རབས་དུས་རབས་ཉི་ཤུ་རྩ་གཅིག་ཚུན་གྱི་ཡིག་ཆ་འབོར་ཆེན་ཕྱིར་མངོན་གསལ་བྱུང་བ་དང་། བྱང་གཏེར་ཕྱོགས་བསྒྲིགས་དེའི་ནང་མཁན་པོ་ཆོས་དབྱིངས་ཀྱིས་མཛད་པའི་༼བྱང་གཏེར་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་འབྱུང་༽ཞེས་པ་ཤོག་གྲངས་༨༨༡ ཡི་བདག་ཉིད་ཅན་དང་། དེ་བཞིན་པོད་༣༦, ༣༧, ༤༡, ༥༡, ༥༩ རྣམས་ནི་བྱང་གཏེར་གྱི་བླ་མ་རྣམས་ཀྱི་རྣམ་ཐར་དང་རང་རྣམ་སོགས་ལོ་རྒྱུས་ཀྱི་རྩོམ་ཡིག་མང་དག་མཆིས་ལགས།
ང་ཚོས༼བྱང་གཏེར་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་འབྱུང་༽འདི་དབྱིན་བསྒྱུར་བྱ་རྒྱུ་དང་། དེ་ཆ་ཚང་བ་འགྲུབ་པར་ཡིག་ཆ་གཞན་ནས་ཁུངས་འདྲེན་པ་དང་ཞིབ་འཇུག་རང་བཞིན་གྱི་མཆན་འདེབས་རྒྱུ། དབྱིན་འགྱུར་དེའི་དབུར་ངོ་སྤྲོད་ཀྱི་ཚུལ་དུ་གླེང་བརྗོད་འབྲི་རྒྱུ་བཅས་ཡིན། ང་ཚོས་༼བྱང་གཏེར་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་འབྱུང་༽འདི་དཔྱད་ཞིབ་འདིའི་གཞི་རྟེན་སའམ་ཁུངས་བསྡུར་ས་ལྟ་བུར་བཀོལ་སྤྱོད་བྱ་རྒྱུ་ལགས། འདིའི་ཐོག་ཁ་བསྣོན་དང་གནས་ཚུལ་སམ་གལ་གནད་ཆེ་བའི་གནད་དོན་དེ་འདྲ་གཞན་ན་ཇི་ཙམ་བཞུགས་པ་ཚུར་དྲངས་དགོས་པ་མཐོང་ཚེ་ང་ཚོས་དེ་ལྟར་འདྲེན་རྒྱུ་ཡིན།
སྤྱིར་བཏང་བོད་ཀྱི་(ཆོས་ཀྱི་)ལོ་རྒྱུས་སམ་ཆོས་འབྱུང་གི་རྩོམ་ཡིག་རྣམས་ཀྱིས་ད་ལྟ་འཚོ་བཞིན་པའི་ཆོས་བརྒྱུད་དག་གི་ལམ་ལུགས་སམ་རྒྱུད་པ་འཛིན་མཁན་དག་ཚད་ལྡན་ཡིན་པ་སྒྲུབ་བཞིན་ཡོད། འོན་ཀྱང་ང་ཚོ་གཙུག་ལག་སློབ་གྲྭའི་ཞིབ་འཇུག་པ་ཡིན་པའི་ངོས་ནས་སྤྱི་ཚོགས་དང་། དཔལ་འབྱོར་དེ་བཞིན་ཆབ་སྲིད། དེ་དང་ཕྱོགས་མཚུངས་བོད་པ་ཚོས་རྣམ་ཐར་དང་ཆོས་འབྱུང་བྲིས་སྐབས་གལ་ཆེན་དུ་མི་འཛིན་པའམ་འབྲེལ་མེད་དུ་ལུས་པའི་གནད་དོན་མང་པོ་ཞིག་ལ་དོ་སྣང་དང་སྤྲོ་བ་ཡོད།
བྱང་གཏེར་པ་ཚོས་རང་ཉིད་ཀྱི་གཏེར་ཆོས་ཐོག་རྙིང་མའི་སྤྱི་ཆོས་དཔེར་ན་རིང་བརྒྱུད་བཀའ་མའི་མདོ་དགོངས་འདུས་དང་། རྒྱ་ཞང་ཁྲོམ་རྡོ་རྗེ་འབར་ནས་བརྒྱུད་པའི་འཇམ་དཔལ་ཚེ་བདག་ཉམས་བཞེས་དང་རྒྱུན་འཛིན་གནང་བཞིན་ཡོད། ༼མདོ་དགོངས་འདུས་༽དང་༼འཇམ་དཔལ་ཚེ་བདག་༽གི་ཡིག་ཆ་དག་བྱང་གཏེར་རྡོ་རྗེ་བྲག་གི་ལུགས་སུ་མཉམ་དུ་བསྡེབས་པ་མ་ཟད། ཡིག་ཆ་འདི་དག་གིས་བྱང་གཏེར་རྡོ་རྗེ་བྲག་ལུགས་ཀྱི་ཡིག་ཆའི་ནང་གོ་ས་གལ་ཆེན་བཟུང་ཡོད། མཁན་པོ་ཆོས་དབྱིངས་ཀྱིས་༼བྱང་གཏེར་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་འབྱུང་༽་ནང་གི་དཔྱད་བསྡུར་ཁྲོད་༼མདོ་དགོངས་འདུས་༽དང་༼འཇམ་དཔལ་ཚེ་བདག༽་གི་སྐོར་ལ་གང་ཡང་གསུངས་མེད་མོད། གོང་གི་ལུགས་འདི་གཉིས་ནི་རིག་འཛིན་རྒོད་ལྡེམ་གྱི་ཡར་སྔོན་དུ་བྱུང་བ་ཞིག་ཡིན་པས་འདིའི་ཐོག་ང་ཚོས་དུས་རབས་བཅུ་བཞིའི་གོང་གི་ཡིག་ཆ་ལ་གཏུགས་ནས༼བྱང་གཏེར་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་འབྱུང་༽འདིའི་དམིགས་ཚད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན།

Translation by Tenpa Tsering.