དཔལ་ལྡན་འཇམ་དབྱངས་བླ་མ་ཞེས་པ་རིག་འཛིན་རྒོད་ལྡེམ་གྱི་ཡང་སྲིད་ཡིན་མིན་ལ་རོབ་ཙམ་དཔྱད་པ་བྲེ་མོའི་གཏམ།

By Tenpa Tsering Batsang བསྟན་པ་ཚེ་རིང་། CRCAO, INALCO

གླེང་གཞི།

སྤྱིར་བོད་ཀྱི་ཆོས་བརྒྱུད་ཆེ་ཁག་གི་བླ་བརྒྱུད་དང་རུས་ཆེན་དཔེར་ན། འཁོན་དང་། རླངས་དང་། རྔོག་དང་། གནུབས་དང་། དེ་བཞིན་ཟུར་ལ་སོགས་པའི་མེས་པོ་རྣམས་ནི་དུས་རབས་བརྒྱད་པའི་ནང་བོད་དུ་བྱོན་པའི་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱི་བཀའ་འབངས་སུ་གཏོགས་པ་འབའ་ཞིག་ཡིན་པ་སྨོས་མེད་ཐོག་བསྟན་པ་ཕྱི་དར་ནས་བཟུང་ད་བར་གྱི་གསར་རྙིང་གི་གཏེར་སྟོན་ཕལ་མོ་ཆེའང་སློབ་དཔོན་པདྨའི་ཐུགས་སྲས་རྗེ་(ཆོས་རྒྱལ་ཁྲི་སྲོང་ཡབ་སྲས)འབངས་ཉེར་ལྔའི་རྣམ་སྤྲུལ་ལམ་སྐུ་སྐྱེ་ཡིན་པ་ལུང་བསྟན་ཅི་རིགས་ལ་བརྟེན་ནས་ངོས་འཛིན་བྱེད་བཞིན་ཡོད།1 དེའི་ཁྲོད་ནས་དུས་རབས་བཅུ་བཞིའི་ནང་ལ་སྟོད་བྱང་ངམ་རིང་གི་ཉེ་འགྲམ་ཟང་ཟང་ལྷ་བྲག་ནས་བློན་པོ་ལྟ་བུའི་གཏེར་མཛོད་ལྔ་བཞེས་ཏེ་བྱང་གཏེར་གྱི་2 བསྟན་པའི་སྲོལ་གཏོད་པ་པོ་གཏེར་སྟོན་དངོས་གྲུབ་རྒྱལ་མཚན་ནམ་རིག་འཛིན་རྒོད་ལྡེམ་ཅན་༼༡༣༣–༧༡༤༠༩༽ཡང་སློབ་དཔོན་པདྨའི་དངོས་སློབ་དང་། རྡོ་རྗེ་ཕུར་པའི་ཉམས་ལེན་པ་སྣ་ནམ་རྡོ་རྗེ་བདུད་འཇོམས་3 ཀྱི་རྣམ་སྤྲུལ་ལམ་སྐུ་སྐྱེ་ཡིན་པ་གཏེར་སྟོན་བཟང་པོ་གྲགས་པའི་གཏེར་ལུང་ 4 དང་རང་ཉིད་ཀྱི་གཏེར་ལུང་5 སོགས་ནས་གསུངས།

རིག་འཛིན་རྒོད་ལྡེམ་ཅན་གྱི་ཡབ་མེས་ཚོར་ཆ་མཚོན་ན། བསྟན་པ་ཕྱི་དར་སྐབས་ཀྱི་ཟུར་ཆུང་ཤེས་རབ་གྲགས་པ། ༼༡༠༡༤–༡༠༧༤༽ དང་ཉང་རལ་ཉི་མ་འོད་ཟེར་༼༡༡༢༤–༡༡༩༣༽ དེ་བཞིན་གུ་རུ་ཆོས་ཀྱི་དབང་ཕྱུག་ ༼༡༢༡༢ ༡༢༧༠༽ ལྟར་རྟེན་སྔགས་འཆང་རྡོ་རྗེ་འཛིན་པ་འབའ་ཞིག་དང་གདུང་རྒྱུད་ལ་གཙིགས་ཆེར་འཛིན་མཁན་ཡིན།6 དེར་བརྟེན་རིག་འཛིན་རྒོད་ལྡེམ་ཉིད་ཀྱང་རྟེན་སྔགས་འཆང་ཡིན་ལ་དགོངས་པ་མ་རྫོགས་གོང་དུ་རང་ཉིད་ཀྱི་བསྟན་པའི་བདག་པོར་རིགས་སྲས་རྣམ་རྒྱལ་མགོན་པོ་༼༡༣༩༩–༡༤༢༤༽ བཀོས། སྲས་རྣམ་རྒྱལ་མགོན་པོས་བདག་མོ་བཞེས་ཀྱང་སྲས་མ་འཁྲུངས་པས་རིག་འཛིན་རྒོད་ལྡེམ་གྱི་གདུང་རྒྱུད་ཆད་པར་མངོན་ནོ།7 གལ་སྲིད་སྲས་རྣམ་རྒྱལ་མགོན་པོར་སྲས་འཁྲུངས་ཡོད་ཚེ་རིག་འཛིན་རྒོད་ལྡེམ་གྱི་གདུང་རྒྱུད་དེད་པ་ལས་ཡང་སྲིད་བརྩི་སྲོལ་བྱུང་མེད་པའང་སྲིད་། གང་ལྟར་རིགས་སྲས་རྣམ་རྒྱལ་མགོན་པོ་དགུང་ལོ་༢༥་ལ་དགོངས་པ་རྫོགས་པར་བརྟེན་དུས་རབས་ཀྱི་འགྲོས་(དུས་རབས་བཅུ་གསུམ་ནང་གྲུབ་ཆེན་ཨོ་རྒྱན་པས་༼༡༢༢༩–༡༣༠༩༽ཀརྨ་པ་རང་བྱུང་རྡོ་རྗེ་༼༡༢༠༤ ༡༢༨༣༽ཀརྨ་པཀྴིའི་༼༡༢༨༤–༡༣༣༩༽ ཡང་སྲིད་དུ་ངོས་འཛིན་ཡོངས་གྲགས་གནང་བ་ནས་བཟུང་བོད་དུ་སྤྲུལ་སྐུ་ངོས་འཛིན་གྱི་སྲོལ་ཤུགས་ཆེར་དར)8 དང་བསྟུན་ནས་རིག་འཛིན་རྒོད་ལྡེམ་ལའང་ཡང་སྲིད་འཚོལ་བའི་སྲོལ་བྱུང་། རྒོད་ལྡེམ་སྐུ་ཕྲེང་གཉིས་པ་ལེགས་ལྡན་རྡོ་རྗེའི་༼༡༤༥–༢༡༥༦༥༽9 དང་དེའི་ཡང་སྲིད་དུ་རྡོ་རྗེ་བྲག་གི་དགོན་པ་ཕྱག་བཏབ་མཁན་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་༼༡༥༥༠? –༡༦༠༣༽ གྱི་སྲས་ངག་གི་དབང་པོ་༼༡༥༨༠–༡༦༣༩༽ ངོས་འཛིན་བྱུང་པ་ནས་བཟུང་རྒོད་ལྡེམ་པའི་ཡང་སྲིད་ན་རིམ་ལ་རྡོ་རྗེ་བྲག་རིག་འཛིན་ཞེས་པའི་མཚན་འདི་བྱུང་། ད་བར་ཡོངས་གྲགས་སུ་རིག་འཛིན་རྒོད་ལྡེམ་ཅན་ནས་ཐུབ་བསྟན་འཇིགས་མེད་རྣམ་གྲོལ་རྒྱ་མཚོ་༼༡༩༣–༣༢༠༢༤༽་བར་རྡོ་རྗེ་བྲག་གི་རིག་འཛིན་སྐུ་ཕྲེང་བཅུ་བྱུང་ཡོད། འོན་ཀྱང་དུས་རབས་བཅུ་བདུན་དང་ཕྱིས་ཀྱི་ཡིག་ཆ་འགའ་ཞིག་ལྟར་ན་དུས་རབས་བཅོ་ལྔའི་10 ནང་གཙང་མྱང་སྟོད་ཕྱོགས་སུ་དཔལ་ལྡན་འཇམ་དབྱངས་བླ་མའམ་གུ་རུ་འཇམ་དབྱངས་བླ་མ་ཞུ་བའི་གཏེར་སྟོན་ཞིག་བྱོན་ཅིང་། ཁོང་པ་རིག་འཛིན་རྒོད་ལྡེམ་གྱི་ཡང་སྲིད་དང་རྣམ་སྤྲུལ་ཡིན་པ་གསུངས་འདུག དེ་ལྟར་ན་ཁོང་པ་ཡོངས་གྲགས་སུ་ཁས་ལེན་པའི་རྒོད་ལྡེམ་སྐུ་ཕྲེང་གཉིས་པ་ལེགས་ལྡན་རྡོ་རྗེ་11 དང་དུས་མཉམ་པའམ་ཅུང་སྔ་བར་བྱོན་པ་མངོན་པས་རྒོད་ལྡེམ་སྐུ་ཕྲེང་གཉིས་པ་ནི་དཔལ་ལྡན་འཇམ་དབྱངས་བླ་མ་ཡིན་དགོས། 

འོན་ཀྱང་ཡོངས་གྲགས་སུ་དེ་ལྟར་འདོད་མཁན་མེད། ལྷག་དོན་དཔལ་ལྡན་འཇམ་དབྱངས་བླ་མའི་རྣམ་ཐར་མཇལ་རྒྱུ་མེད་ཅིང་ཁོང་གི་གཏེར་ཆོས་རྣམས་ཀྱང་ཕྱོགས་རེ་བ་ཙམ་དང་ཁ་བྱང་ཙམ་ལས་མཇལ་དུ་མེད་པས་སྐྱེས་བུ་སུ་ཞིག་གིས་འཇམ་དབྱངས་བླ་མའི་མཚན་ཅན་གྱི་སྐྱེས་བུ་འདི་པ་རྒོད་ལྡེམ་གྱི་ཡང་སྲིད་དུ་ངོས་འཛིན་མཛད་པའམ་གཏེར་ལུང་ཅི་འདྲ་ཞིག་ནས་རྒོད་ལྡེམ་པའི་ཡང་སྲིད་དུ་ལུང་བསྟན་པ་སོགས་ཁ་མཚོན་གཅོད་ཁ་ལ་ཐུབ། དེར་བརྟེན་ཁོ་བོས་དུས་རབས་བཅུ་དྲུག་ནས་བཅུ་དགུ་དབར་གྱི་ཡིག་ཆ་<<ཟབ་ཁྱད་གཏེར་མའི་ལོ་རྒྱུས་གཏེར་སྟོན་ཆོས་འབྱུང་ནོར་བུའི་འཕྲེང་བ།>> <<གཏེར་སྟོན་བརྒྱ་རྩའི་མཚན་སྡོམ་གསོལ་འདེབས་>>དང་དེའི་འགྲེལ་པ་ལོ་རྒྱུས་<<གཏེར་བཏོན་ཆོས་འབྱུང་།>> <<མྱང་ཆོས་འབྱུང་>> << སྐུ་གསུམ་བརྒྱུད་པ་དྲུག་ལྡན་གཏེར་སྟོན་བཀྲ་ཤིས་གྲངས་མེད་ཀྱི་གསོལ་འདེབས་ཀྱི་འགྲེལ་པ་གཏེར་སྟོན་ཆོསའབྱུང་>> <<གུ་བཀྲ་ཆོས་འབྱུང་>> <<གཏེར་སྟོན་བརྒྱ་རྩའི་རྣམ་ཐར>>ལ་སོགས་པའི་ནང་གཏེར་སྟོན་འདིའི་ཐོག་ཇི་ལྟར་གསལ་བ་རྣམས་མཚུངས་བསྡུར་གྱིས་དཔལ་ལྡན་འཇམ་དབྱངས་བླ་མའི་འཁྲུངས་ཡུལ་དང་གཏེར་ཆོས་སྐོར་མདོར་ཙམ་དང་། རིག་འཛིན་རྒོད་ལྡེམ་པའི་ཡང་སྲིད་དང་རྣམ་སྤྲུལ་ཡིན་གསུང་མཁན་དང་། ཡིན་མིན་གང་ཡང་མི་གསུང་མཁན་དང་། བྱང་གཏེར་ལུགས་གཙང་མ་འཛིན་པ་དག་གི་བཞེད་ཕྱོགས་བཅས་དོན་ཚན་བཞིའི་ཐོག་ལ་དཔྱད་པ་རོབ་ཙམ་བྱ་རྒྱུ་ཡིན།

དང་པོ། དཔལ་ལྡན་འཇམ་དབྱངས་བླ་མའི་འཁྲུངས་ཡུལ་དང་ཁོང་གི་གཏེར་ཆོས་སྐོར།

༧གོང་ས་ལྔ་པ་ཆེན་པོ་ལ་སོགས་པའི་གསན་ཡིག་ནང་འཇམ་དབྱངས་བླ་མའི་མཚན་སྨྲོས་མོད། ད་ཕན་ཁོ་བོས་མཐོང་བའི་ཡིག་ཆའི་ནང་ནས་དཔལ་ལྡན་འཇམ་དབྱངས་བླ་མའི་མཚན་སྨྲོས་པ་ཐོག་མ་ནི་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་<<སྤྲུལ་སྐུ་གཏེར་སྟོན་བཀྲ་ཤིས་གྲངས་ངེས་ཀྱིམཚན་བསྡོམས་གསོལ་འདེབས་ཐུགས་རྗེའི་ཉིན་བྱེད་>>ཡིན། དེ་ཡང་ཁོང་གིས།

བདུད་འཇོམས་སྐྱེ་སྤྲུལ་རྒོད་ཀྱི་ལྡེམ་འཕྲུ་ཅན། །

བ་ཁལ་སྨུག་པོ་འཇམ་དབྱངས་བླ་མ་དང་།

དཔྱིལ་སྟོན་ཡེ་ཤེས་ཁྱུང་གྲགས་སངས་རྒྱས་འབར། །

སྤྱི་སྟོན་མགོན་རྒྱལ་རྣམས་ལ་གསོལ་བ་འདེབས། ། ())

ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་བའི་འདུས་སྡེའི་ཆོས་སྤྱོད་རབ་གསལ་གྱི་ཤོག་གྲངས། ༩༡ ལ་གསལ།

ཅེས་གསུངས། གང་ལྟར་གཏེར་སྟོན་འདི་ནི་གཙང་གི་མྱང་སྟོད་རྒྱད་ཕྱེད་གཡུ་ཤེར་གྱི་སོ་བ་ཞེས་པ་རུ་སྐུ་འཁྲུངས། ཆུང་དུས་གནས་རྙིང་དགོན་པའི་གྲྭ་པ་མཛད། དེ་ནས་མྱང་སྟོད་ཁྲོ་གངས་ཀྱི་གཙུག་ལག་ཁང་གི་འགྲམ་ནས་རྩ་གསུམ་དྲིལ་ནས་སྒྲུབ་པའི་གདམས་པ་ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ། དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་པ་སོ་སོའི་བཀོལ་བྱང་དང་བཅས་པ། ཆེ་མཆོག་བདེ་ཆེན་འཁོར་ལོའི་སྐོར། བཀའ་སྲུད་སྒྲོལ་བྱེད་ནག་པོའི་སྐོར་ལ་སོགས་པ་གཏེར་ནས་སྤྱན་དྲངས་ཤིང་ཁོང་གི་གཏེར་ཆོས་རྣམས་གཙང་གི་མྱང་སྟོད་སྨད་སོགས་སུ་དར་ཁྱབ་ཆེན་པོ་བྱུང་། དེ་ལྟར་འཇམ་དབྱངས་བླ་མའི་འཁྲུངས་ས་དང་གཏེར་ཆོས་ཀྱི་སྐོར་ལ་གོང་དུ་དྲངས་པའི་ཡིག་ཆ་རྣམས་བཞེད་པ་མཐུན།

དེ་ཡང་དུས་རབས་བཅུ་བདུན་ནང་བྱོན་པའི་ཟབ་བུ་ལུང་12གི་གདན་ས་པ་ཀརྨ་མི་འགྱུར་དབང་གི་རྒྱལ་པོའི་གཏེར་སྟོན་ཆོས་འབྱུང་ལས།

དཔལ་ལྡན་འཇམ་དབྱངས་བླ་མ་ནི་མྱང་སྟོད་དུ་འཁྲུངས། སྐུ་གཞོན་ནུ་ནས་གནས་རྙིང་ཚོགས་པའི་གྲྭ་པ་མཛད། མྱང་སྟོད་ཁྲོ་གངས་ཀྱི་གཙུག་ལག་ཁང་དུ་ཆོས་གྲྭ་ལ་བྱོན་དུས་གཙུག་ལག་ཁང་གི་འགྲམ་ཞིག་ནས་སོ་ཕག་གའུ་ཁྱི་གང་པ་གཅིག་ཁ་ཕྱེ་བས། རྩལ་པོ་ནང་གི་གཏེར་གྱི་ཁ་བྱང་བྱུང་ངོ་། སྒྲོལ་བྱེད་ནག་པོའི་མཁར་གསང་མཛོད་མཁའ་འགྲོའི་ཕུག་པ་རུས་སྦལ་དམར་པོའི་ཁོག་པ་ནས། རྩ་གསུམ་དྲིལ་ནས་སྒྲུབ་པའི་གདམས་པ་ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ། དེ་ཁོ་ན་ཉིད་ཀྱི་སྒྲུབ་པ་པ་སོ་སོའི་བཀོལ་བྱང་དང་བཅས་པ། ཆེ་མཆོག་བདེ་ཆེན་འཁོར་ལོའི་སྐོར། བཀའ་སྲུད་སྒྲོལ་བྱེད་ནག་པོའི་སྐོར་ལ་སོགས་པ་གཏེར་ནས་སྤྱན་དྲངས་སོ། འདི་ཉིད་ཀྱི་གྲོལ་ཚད་ལས། གང་ཟག་བྱེ་བ་དགུ་དང་དགུ་ཁྲི་དང་། འབུམ་ཕྲག་ལྔ་རྣམས་གསོལ་འདེབས་འདིས་གྲོལ་ལོ་ཞེས་གསུངས། ཆོས་འདི་ཡི་དར་རྒྱས་མྱང་ཕྱོགས་སུ་ཆེ། དེང་སང་གི་བར་དུཡང་མྱང་། ཤབ། ཤངས། རྟ་ནག། འོ་ཡུག་ཕྱོགས་ལ་ཤིིན་ཏུ་འཕྲིན་ལས་ཆེ་ཞིང་། འགྲོ་དོན་རྒྱ་ནམ་མཁའ་དང་མཉམ་པའོ།

འདི་ལས་ཅུད་ཟད་རྒྱས་ཙམ་ཞིག་རྗེ་བཙུན་ཏཱ་ར་ན་ཐས་༼༡༥༧༥–༡༦༣༥༽མྱང་སྟོད་མྱང་སོགས་སུ་ཡོད་པའི་དགོན་སྡེ་དང་མི་སྣ་གལ་ཆེན་གྱི་ལོ་རྒྱུས་

འཁོད་པའི་<<མྱང་ཆོས་འབྱུང་>>ནང་གཏེར་སྟོན་འཇམ་དབྱངས་བླ་མའི་འཁྲུངས་ཡུལ་དང་། ཁོང་གིས་ཆོས་གཏེར་ཙམ་དུ་མ་ཟད་ལྕགས་ཕུར་བཞེས་པ་དང་མཐར་ཁོང་དགོངས་པ་རྫོགས་རྗེས་རྟ་ནག་སྒྲོལ་མ་བ་ལ་ཡང་སྲིད་བྱུང་བ་སོགས་གསུངས་འདུག་པ་ནི། 

ཆགས་མའི་ལྷོ་ཕྱོགས་ན་ལུང་པའི་མིང་ལ་གཡུ་ཤེལ་རི་དཀར་པོ་གླང་རི་རྒྱལ་ཆེན་རྒྱལ་པོ་གདན་ལ་བཞུགས་པ་འདྲ། རི་འདིར་བཀྲ་ཤིས་རྟགས་བརྒྱད་ཚང༌། སློབ་དཔོན་པདྨའི་བཞུགས་ཕུག་སྒྲུབ་ཁང་ཟེར་བ་ཡང་ཡོད། འདིར་སློབ་དཔོན་པདྨས་རྩ་གསུམ་དྲིལ་སྒྲུབ་གཏེར་དུ་སྦས་པ། གུ་རུ་འཇམ་དབྱངས་བླ་མས་བཏོན་ཏེ། དེའི་ལོ་རྒྱུས་ཟུར་ཙམ་གླེང་བ།གཟོང་ཆུང་ཕུག་གི་མདའ་ན་ཆོས་དབང་རྒྱུད་པས་འཛིན་པའི་གྲའུ་ལུང་ཞེས་པའི་དགོན་པའི་བྲག་ཕུག་ན་སྒྲུབ་པ་པོ་བཞུགས་པས་གཏོར་མ་མ་ཆག་པར་གཏོང་བ་ལ་རྒྱ་ཕྱེད་བྲག་ནག་པ་སྒྲོལ་བྱེད་ནག་པོ་གཏོར་མ་ལ་ཡོང་བ་ལ་འཇམ་དབྱངས་བླ་མས་ཁྱེད་ཀྱི་གཏོར་མས་མགོ་སྐོར་ཞིག་ང་ཡིས་གཏེར་སྦྱིན་[འབྱིན་]ཞེས་བགྲོས་ནས་བྲག་ནག་པ་གཏོར་མགྲོན་ལ་ཡོད་སྐབས་གཏེར་སྩལ་བས། ཁོས་ཟག་བཅས་ཀྱི་མངོན་ཤེས་ཀྱིས་ཤེས་ཏེ། འོད་ཟེར་དེ་མྱུར་བར་ལོག་པས་གཏེར་མཇུག་ལུས་པར་བྱེད། འདི་གསོལ་འདེབས་ལས་བྱང་གི་ཚུལ་དུ་སྒྲུབ་པ་དེ་ཡིན་པར་འདུག །འདི་ལ་ཆོས་ཚན་མང་བར་ཡོད་པར་ཤེས་ཏེ་མ་གྲགས་འདུག། ལྕགས་ཕུར་བྱིན་རླབས་ཅན་ཞིག་ད་ལྟ་གྲའུ་ལུང་ན་ཡོད་པ་འཁྱར་ནས་འགའ་ཞིག་གི་ལག་ཏུ་འཁྱར། གུ་རུ་འཇམ་དབྱངས་བླ་མའི་སྐུ་སྐྱེ་འམ་སྤྲུལ་པ་ཞིག་རྟ་ནག་སྒྲོལ་མ་བ་ལ་འབྱོན་པར་འདུག །རྒྱད་ཕྱེད་གཡུ་ཤེར་གྱི་སོ་བ་ཞེས་པའི་གྲོང་ན་དཔལ་ལྡན་འཇམ་དབྱངས་བླ་མ་འཁྲུངས། ཕྱིས་ཀྱི་གྲོང་དེར་གནས་སྙིང་གི་ཤར་ན་ཆོས་དབང་བརྒྱུད་པས་འཛིན་པའི་བསམ་གཏན་སྒང་གི་དགོན་པ་ཟླ་ཆར་[མདའ་ཕྱར]གྱི་ཕུར་པའི་སྒྲུབ་པ་མཛད་པའི་སྒྲུབ་ཕུག་གི་སྒོའི་རུ་བཞི་ཞིག་པོ་པའི་སྒོ་སྒྲིབ་ལ་ཡོད་པ། ཕྱིས་འཁྱར་བས་རི་ཐག་ཉེ་བས་ཀྱོག་རར་ལུག་བཞག་པ་ལ་སྤྱང་ཀི་སྡང་བར་བྱུང༌། སྒོ་སྒྲིབ་ཡོད་དུས་དགྲ་ཇག་ཆོམ་རྐུན་གཅན་གཟན་སོགས་མ་བྱུང་ཞེས་ཟེར། ད་ལྟ་ཕུར་པ་འདོམ་པ་གང་ལ་རད་པ་བསྐོན་ནས་བསམ་གཏན་སྒང་ལ་བཞུགས། སོ་སོའི་ཁང་ལྟག་ན་འབན་གུང་རྒྱལ་གྱི་བེར་སྲོ་མ་ཅན་བཞུགས་པའི་འབུམ་པ་ཡོད། དེ་ལྟར་འཁྱར། འབན་པས་བདེ་ཆེན་ཆོས་རིན་ཆེན། གྲོ་ས་ན་གསེར་གྱི་གཉའ་ཤིང་ཡོད་པས་གྲོ་ས་གསེར་རིན་པོ་ཆེ། ཉི་ཐི་ན་གཡུ་གཡང་ཞག་འཁྱིལ་བ་ཡོད་པས་ཉི་ཐི་གཡུ་རིན་པོ་ཆེ་ཞེས་གྲགས། མྱང་སྟོད་གཞུང་གི་རི་བཀྲ་ངན་པ་རྣམས་འདིས་ནོན་ཞིང་རི་བཀྲ་ཤིས་ཤིང་ཕུན་སུམ་ཚོགས་པ་ཡིན། །

ཇོ་ནང་ཏཱ་ར་ན་ཐས་མཛད་པའི་མྱང་ཆོས་འབྱུང་ངམ་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས། ཤོག། ༣༤ ནས། ༣༥ ན་གསལ།

གོང་དུ་གཏེར་སྟོན་ཁོང་གི་འཁྲུངས་ཡུལ་དང་གཏེར་ཆོས་སྐོར་རོབ་ཙམ་གླེང་ཟིན་མོད་གཏེར་ཆོས་ཀྱི་ཆོས་ཚན་རྣམ་ཇི་བཞིན་དྲངས་མེད། དེར་བརྟེན་ལྔ་པ་ཆེན་པོའི་༼༡༦༡༧–༡༦༨༢༽ གསན་ཡིག་གངྒའི་ཆུ་རྒྱུན་13དང་སྔགས་འཆང་མཐུ་སྟོབས་གྲགས་པའི་༼?–༡༦༧༤༽གསན་ ཡིག་14ནང་དཔལ་འཇམ་དབྱངས་བླ་མའི་གཏེར་ཆོས་ཐོབ་ཚུལ་དང་ཆོས་ཚན་གྱི་མཚན་རྒྱས་ཙམ་སྨྲོས་འདུག་པ་ཕན་ཚུན་བསྡུར་སྐབས་གཏེར་ཆོས་ཀྱི་མཚན་སྨྲོས་ཚུལ་ཏོག་ཙམ་མི་འདྲ་བ་ལས་ཁ་གྲངས་གཅིག་པར་འདུག་པ་འདིར་དྲངས་ན།

S. Nགསན་ཡིག་གངྒའི་ཆུ་རྒྱུན།S. Nསྔགས་འཆང་མཐུ་སྟོབས་པའི་གསན་ཡིག
1.རྩ་གསུམ་དྲིལ་སྒྲུབ་གཏེར་ནས་སྤྱན་དྲངས་པའི་ལོ་རྒྱུས།1.གཏེར་བཏོན་པའི་ལོ་རྒྱུས།
2.སྒྲུབ་ལུང་ཡི་དམ་ལྷ་ལ་བླང་བའི་མན་ངག་ཁྱད་པར་ཅན་ཨོ་རྒྱན་པདྨས་མཛད་པ།2.གུ་རུ་པདྨའི་གསང་སྐོར་ལས་དབང་ལུང་ལེན་ཐབས།
3.རྩ་གསུམ་གསོལ་འདེབས་མཁའ་སྤྱོད་རིགས་འཛིན་མ།3.རྩ་བ་གསུམ་གྱི་དབང་ཆོག་རྗེས་གནང་སྔོན་འགྲོ་དངོས་གཞི་རྗེ་གནང་་དང་བཅས་པ།
4.དབང་མཆོག་རྗེས་གནང་གི་ཡི་གེ་རྩ་གསུམ་དྲིལ་ནས་སྒྲུབ་པ་རིག་པ་རྩལ་གྱི་དབང་ཨོ་རྒྱན་ཆེན་པོའི་གསུང་བཞིན་མཁར་ཆེན་བཟས་ཡི་གེར་བཀོད་པ།4.བླ་མ་ཕྱི་སྒྲུབ་སྤྲུལ་སྐུ་རྡོ་རྗེ་འཕྲིན་ལས་ཀྱི་ལས་བྱང་རིག་འཛིན་མཁའ་འགྲོ་འདུས་པ།
5.བླ་མ་ཕྱི་སྒྲུབ་སྤྲུལ་སྐུ་རྡོ་རྗེའི་ལས་བྱང་རིགས་འཛིན་གཙོ་བོ་མཁའ་འགྲོ་འདུས་པ།5.བླ་མ་ལོངས་སྐུ་གསུང་རྡོ་རྗེ་འཕྲིན་ལས་ཀྱི་ལས་བྱང་མཁའ་འགྲོ་ཀུན་འདུས།  
6.བླ་མ་སྐུ་གསུང་རྡོ་རྗེ་འཕྲིན་ལས་ཀྱི་ལས་བྱང་མཁའ་འགྲོ་ཀུན་འདུས། 6.བླ་མ་གསང་སྒྲུབ་ཆོས་སྐུ་ཐུགས་རྗེའི་ལས་བྱང་རིག་འཛིན་བླ་མ་འདུས་པ།
7.བླ་མ་གསང་སྒྲུབ་ཆོས་སྐུ་ཐུགས་རྗེའི་ལས་བྱང་རིགས་འཛིན་བླ་མ་འདུས་པ།7.ལམ་ཟབ་མོ་གུ་རུ་ཡེ་ཤེས་རྡོ་རྗེ་རིག་འཛིན་གྱི་གསང་སྒྲུབ་བླ་མེད་བདུད་རྩིའི་ཐིགས་པ་གསང་བའི་མཆོག་ཀུན་བཟང་དོན་གྱི་འཕྲིན་ལས།
8.ལམ་ཟབ་མོ་གུ་རུ་ཡེ་ཤེས་རྡོ་རྗེ་རིགས་འཛིན་གྱི་གསང་སྒྲུབ་བླ་མེད་བདུད་རྩིའི་ཐིགས་པ་གསང་མཆོག་ཀུན་བཟང་དོན་གྱི་འཕྲིན་ལས་རྣམས།8.བྱིན་དབབ་བཀོལ་པ།
9.བྱིན་དབབ་བཀོལ་བ་གནས་མཆོག་ཨོ་རྒྱན་མ།9.བགེགས་བསྐྲད་བཀོལ་བ།
10.བགེགས་བསྐྲད་བཀོལ་བ་བླ་མ་ཡི་དམ་མ།10.སྤྱན་འདྲེན་བཀོལ་བ།
11.སྤྱན་འདྲེན་བཀོལ་བ་དབུས་ཕྱོགས་འཁོར་ལོ་མ།11.གཏོར་བྱང་བཀོལ་བ།
12.གཏོར་བྱང་བཀོལ་བ་སྣོད་ཀྱི་འཇིག་རྟེན་མ།12.གཏོར་བྱང་བཀོལ་བ།
13.བསྒྲལ་མཆོད་བཀོལ་བ་འཇིགས་ཚོགས་ལྟ་འཇོམས་མ།13.བསྟོད་བྱང་བཀོལ་བ།
14.བསྟོད་བྱང་བཀོལ་བ་ཡུལ་མིང་ཆོས་དབྱིངས་མ།14.མར་མེའི་བཀོལ་བ།
15མར་མེ་བཀོལ་བ་བནྡྷ་རིན་ཅེན་མ།15.གཏེར་བསྲུངས་སྒྲོལ་བྱེད་ནག་པོའི་ཆོག
16.སྨོན་ལམ་བཀྲ་ཤིས་བཀོལ་བའི་སྐུ་བཞིའི་དབང་ཕྱུག་མ།16.གཏེར་སྲུང་རྣམས་ཀྱི་གཏོར་ཟོར་འཕེན་པའི་བྱང་བུ།
Table 1

གོང་དུ་དྲངས་པའི་གཏེར་སྟོན་འཇམ་དབྱངས་བླ་མའི་གཏེར་ཆོས་འདི་དག་ལ་ལུང་རྒྱུན་མི་འདྲ་བ་འགའ་ཞིག་བྱུང་ཡོད་པ་ནི་གཤམ་གྱི་རེའུ་མིག་ནང་བཀོད་པའི་༧་ལྔ་པ་ཆེན་པོ་དང་། སྔགས་འཆང་མཐུ་སྟོབས། དེ་བཞིན་ལྷ་བཙུན་ནམ་མཁའ་འཇིགས་མེད་ ༼༡༥༩༧–༡༦༥༠) ཀྱི་གསན་ཡིག་ལས་ཤེས་ཐུབ།15

S.N.༧གོང་ས་ལྔ་པ་ཆེན་པོའི་གསན་ཡིགS. Nསྔགས་འཆང་མཐོ་སྟོབས་གྲགས་པའི་གསན་ཡིགS. NS.  S. Nལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱི་གསན་ཡིག
1.ཁྱབ་བདག་ཐུགས་ཀྱི་རྡོ་རྗེ།1.ཁྱབ་བདག་ཐུགས་ཀྱི་རྡོ་རྗེ།1.ཆོས་སྐུ་སྣང་བ་མཐའ་ཡང་
2.ཡམ་ཆེན་ཡེ་ཤེས་མཁའ་འགྲོ།2.ཡམ་ཆེན་ཡེ་ཤེས་མཁའ་འགྲོ།2.ལོངས་སྐུ་ཆེ་མཆོག་བདེ་ཆེན་འཁོར་ལོ།
3.གུ་རུ་མཚོ་སྐྱེས་རྡོ་རྗེ།3.གུ་རུ་མཚོ་སྐྱེས་རྡོ་རྗེ།3.སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ།
4.མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།4.སྣ་ནམ་རྡོ་རྗེ་བདུད་འཇོམས།4.གཏེར་སྟོན་འཇམ་དབྱངས་བླ་མ།
5.སྣ་ནམ་རྡོ་རྗེ་བདུད་འཇོམས།5.གཏེར་སྟོན་འཇམ་དབྱངས་བླ་མ།5.སྤྲུལ་སྐུ་ཚེ་དབང་རྒྱལ་པོ།
6.གཏེར་སྟོན་འཇམ་དབྱངས་བླ་མ།6.མཚན་ལྡན་སྤྲུལ་པའི་ཡུམ་ཆེན།6.ཕ་རྒོད་འཇམ་དབྱངས་ཆོས་རྗེ་གྲགས་པ་དཔལ་འབྱོར།
7.མཁས་གྲུབ་སངས་རྒྱས་ཆོས་རྗེ།7.གྲྭ་རྩེ་སྒང་པ་ཟིལ་གནོན་རྡོ་རྗེ།7,མཁས་གྲུབ་རབ་འབྱམས་ཆོས་རྗེ།
8.གནུབས་སྟོན་རྒྱལ་སྲས་པདྨ།8.ལྗངས་པ་ཆོས་རྗེ་ཀུན་དགའ་རྒྱལ་མཚན།8.བླ་ཆེན་ཆོས་ཀྱི་རྒྱལ་པོ།
9.ནམ་མཁའ་ངག་དབང་གྲགས་པ།9.རིག་འཛིན་ཞིག་པོ་གླིང་པ།9.གྲུབ་མཆོག་གཏད་མེད་ཡོངས་གྲོལ།
10.དགེ་སློང་བཀྲ་ཤིས་རྣམ་རྒྱལ།10.གོང་ར་བ་མཁས་གྲུབ་ཉི་ཟླ་གྲགས་པ།10.དཔལ་སྐད་གཉིས་སྨྲ་བ།
11.གཟུ་སྟོན་རྒྱལ་བའི་སྲས་པོ།11.གོང་ར་བ་ལོ་ཆེན་ངག་གི་དབང་ཕྱུག11.དྲིན་ཅན་སྣ་ཚོགས་རང་གྲོལ།
12.རིག་འཛིན་བདུད་འདུལ་རྡོ་རྗེ།12.གོང་ར་བ་གཞན་ཕན་རྡོ་རྗེ།12.ལྷ་བཙུན་ནམ་མཁའ་འཇིགས།
13.བླ་མ་ཆོས་རྒྱལ་རྡོ་རྗེ།13.གྲུབ་དབང་འཕྲིན་ལས་ལྷུན་གྲུབ།  
14.ཁྱབ་བདག་ཁྲ་ཚང་པ།14.སྔགས་འཆང་མཐུ་སྟོབས་གྲགས་པ།  
15.ལྔ་པ་ཆེན་པོ།    
Table 2

༧གོང་ས་ལྔ་པ་ཆེན་པོ་དང་སྔགས་འཆང་མཐུ་སྟོབས་གྲགས་པ་གཉིས་ཀྱིས་དཔལ་ལྡན་འཇམ་དབྱངས་བླ་མའི་གཏེར་ཆོས་ཀྱི་ལུང་ཐོབ་ཚུལ་རྣམས་སྣ་ནམ་རྡོ་རྗེ་བདུད་འཇོམས་ནས་མར་བརྒྱུད་པར་གསུངས་པ་ཞལ་འཆམ་མོད། གཏེར་སྟོན་ཉིད་ནས་མར་བརྩིས་པའི་ལུང་ཐོབ་ཚུལ་རྣམས་བླ་མ་འགའ་རེ་ཙམ་མ་གཏོགས་ཁག་ཁག་ཡིན། དེ་ལས་ལྡོག་ཏེ་ལྷ་བཙུན་པས་གཏེར་སྟོན་འཇམ་དབྱངས་བླ་མའི་གཏེར་ཆོས་ཀྱི་ལུང་མནོས་ཚུལ་རྣམས་རྦད་དེ་ཁག་ཁག་ཡིན། ལྷ་བཙུན་པས་ཐད་ཀར་སློབ་དཔོན་པདྨ་འབྱུང་གནས་ལ་གཏུགས་པ་ལས་སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་གཏུགས་མེད་ཅིང་། དེ་ནས་གཏེར་སྟོན་དཔལ་ལྡན་འཇམ་དབྱངས་བླ་མ་ནས་མར་བརྩིས་ན། བསྟན་གཉིས་གླིང་པ་ཚེ་དབང་རྒྱལ་པོ་༼༡༤༨༠–༡༥༣༥༽ནས་རྩེ་ལེ་སྣ་ཚོགས་རང་གྲོལ་༼༡༦༠༨–༡༦༧༧༽ལ་གཏུགས་འདུག །

གཉིས་པ། དཔལ་ལྡན་འཇམ་དབྱངས་བླ་མ་རྒོད་ལྡེམ་གྱི་རྣམ་སྤྲུལ་དང་། སྐྱེ་བ་དེ་བཞིན་ཡང་སྲིད་བཞེད་མཁན་གྱི་ཕྱོགས་བཤད་པ།  

སྤྱིར་ཆོས་གང་ཡིན་ཀྱང་རྒྱུ་འབྲས་ཀྱི་ཚུལ་དུ་སྔ་མ་སྔ་མ་བརྟེན་ནས་ཕྱི་མ་ཕྱི་མ་བྱུང་བ་ནི་སྤྱི་འགྲོས་ཙམ་ཡིན། འཛམ་གླིང་གི་ཆབ་དཔལ་རིག་གསུམ་ཡང་སྔ་མ་བརྟེན་ནས་ཕྱི་མ་འཕེལ་རྒྱས་བྱུང་བ་ལྟར་གཏེར་སྟོན་དཔལ་ལྡན་འཇམ་དབྱངས་བླ་མ་ཡང་རིག་འཛིན་རྒོད་ལྡེམ་གྱི་རྣམ་སྤྲུལ་དང་སྐྱེ་བ་དེ་བཞིན་ཡང་སྲིད་ཡིན་གསུང་མཁན་ཁོ་བོས་མཐོང་བའི་ཡིག་ཆ་ཐོག་མ་ནི། དུས་རབས་བཅུ་བདུན་གྱི་འགོར་བྱོན་པ་རིག་འཛིན་ངག་གི་དབང་པོའི་ཞལ་སློབ་ཤ་གཟུགས་པ་བཀྲ་ཤིས་རྣམ་རྒྱལ་ཡིན། དེ་ཡང་ཁོང་གིས་མཛད་པའི་<<ཟབ་ཁྱད་གཏེར་མའི་ལོ་རྒྱུས་གཏེར་སྟོན་ཆོས་འབྱུང་ནོར་བུའི་འཕྲེང་བ>>ལས།

རིག་འཛིན་རྒོད་ལྡེམ་ཅན་གྱི་རྣམ་སྤྲུལ་དཔལ་ལྡན་འཇམ་དབྱངས་བླ་མ་ནི་ཉང་སྟོད་དུ་འཁྲུངས། སྐུ་གཞོན་དུས་གནས་རྙིང་ཚོགས་པའི་གྲྭ་པ་མཛད། ཉང་སྟོད་ཁྲོ་གངས་ཀྱི་གཙུག་ལག་ཁང་དུ་ཆོས་གྲྭ་ལ་བྱོན་དུས། གཙུག་ལག་ཁང་དེའི་འགྲམ་ན་སོ་ཕག་གི་གའུ་འཁྱིས་གང་བ་ཞིག་འདུག་པ་གཅིག་བཅག་ནས་ཁ་ཕྱེ་བས། རྩལ་པོ་ནང་གི་གཏེར་གྱི་ཁ་བྱང་བྱུང་སྟེ། སྒྲོལ་བྱེད་ནག་པོའི་མཁར་གསང་མཛོད་མཁའ་འགྲོ་ཕུག་པ་རུས་སྦལ་དམར་པོའི་ཁོག་པ་ནས། རྩ་གསུམ་དྲིལ་ནས་སྒྲུབ་པའི་གདམས་པ་ཆེ་མཆོག་བདེ་ཆེན་འཁོར་ལོའི་སྐོར།ཕྱི་ནང་གསང་བ་དེ་ཁོ་ཉིད་ཀྱི་སྒྲུབ་སྐོར། སོ་སོའི་བཀོལ་བྱང་། བཀའ་སྲུང་སྒྲོལ་བྱེད་ནག་པོའི་སྐོར་དང་བཅས་པ་སྤྱན་དྲངས་སོ། འདི་ཉིད་ཀྱི་གྲོལ་ཚད་ལ། གང་ཟག་བྱེ་བ་དགུ་དང་དགུ་ཁྲི་དང་། འབུམ་ཕྲག་ལྔ་རྣམས་གསོལ་འདེབས་འདིས་གྲོལ་ལོ། ཞེས་གསུངས་སོ། གཏེར་ཆོས་འདི་ནི་དེང་སང་གི་བར་དུ་ཉང་ཤངས་རྟ་ནག་སོགས་གཙང་ཕྱོགས་ཐམས་ཅད་དར་རྒྱས་ཆེའོ།

ཤ་གཟུགས་པ་བཀྲ་ཤིས་རྣམ་རྒྱལ། ཟབ་ཁྱད་གཏེར་མའི་ལོ་རྒྱུས་གཏེར་སྟོན་ཆོས་འབྱུང་ནོར་བུའི་འཕྲེང་བ། ཤོག། ༡༤༥

དེ་ལྟར་གཏེར་སྟོན་འཇམ་དབྱངས་བླ་མའི་ཐོག་གོང་དུ་དྲངས་པའི་ཤ་གཟུགས་པའི་ཡིག་ཆ་འདི་དང་གཤམ་དུ་དྲང་རྒྱུའི་གསན་ཡིག་གངྒ་འི་ཆུ་རྒྱུན་གཉིས་རྩ་བའི་ཚིག་འགྲོས་དང་ནང་དོན་ཡང་ཅུང་ཟད་མི་འདྲ་མོད། དཔལ་ལྡན་འཇམ་དབྱངས་བླ་མ་རིག་འཛིན་རྒོད་ལྡེམ་པའི་རྣམ་སྤྲུལ་དང་སྐྱེ་བར་ཞལ་གྱིས་བཞེས་པ་གཅིག་མཚུངས་ཡིན། དེ་ཡང་ལྔ་པ་ཆེན་པོས།

རིགས་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱི་སྐུའི་སྐྱེ་བ་དཔལ་ལྡན་དཔལ་ལྡན་འཇམ་དབྱངས་བླ་མ་གནས་རྙིང་གི་གྲྭ་སར་བཞུགས་སྐབས་ཉང་སྟོད་ཁྲོ་སྒང་དུ་ཆོས་འཁོར་ལ་ཕེབས་ཏེ་གཙུག་ལག་གི་འགྲམ་གསེབ་ཏུ་སོ་ཕག་ཆེན་པོ་འདུག་པར་ཕ་གི་གཅོག་རྒྱུ་བྱུང་ན་དགོངས་ཏེ། གྲྭ་པ་གཞན་རྣམ་མེད་ཤུལ་དུ་སོ་ཕག་བཅག་པས་ནང་ནས་ཤོག་སེར་ཞིག་རྙེད་པར་བརྟེན་ནས། སྒྲོལ་བྱེད་ནག་པོའི་མཁར་གསང་མཛོད་མཁའ་འགྲོ་ཕུག་ནས་སྤྱན་དྲངས་པའི་རྩ་གསུམ་དྲིལ་སྒྲུབ་སྐོར་སོགས་གསུངས།

༧གོང་ས་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་ཟབ་པ་དང་རྒྱ་ཆེ་བའི་དམ་པོའི་ཆོས་ཀྱིབ་ཐོབ་ཡིག་གངྒའི་ཆུ་རྒྱུན། ཤོག ༢༥༡

དེའི་རྗེས་སུ་སྟག་སྒང་གུ་རུ་བཀྲ་ཤིས་༼༡༨༠༧–༡༨༧༣༽ཀྱིས་སྤྱིའི་ཆ་ནས་༧གོང་ས་ལྔ་པ་ཆེན་པོ་དང་འདྲ་བར་གསུངས་མོད། གཏེར་སྟོན་དཔལ་ལྡན་འཇམ་དབྱངས་བླ་མ་རྒོད་ལྡེམ་པའི་ཡང་སྲིད་རེད་ཅེས་ “ཡང་སྲིད་”ཀྱི་ཐ་སྙད་འདི་ཐོག་མར་གསུངས།16 དེ་ནས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་༼༡༨༡༣–༡༨༩༩༽གཏེར་སྟོན་བརྒྱ་རྩའི་རྣམ་ཐར་

ནང་གུ་རུ་བཀྲ་ཤིས་དང་འདྲ་བ་གསུངས་མོད། ཁོང་གིས་མཛད་པའི་<<རྩ་གསུམ་དྲིལ་སྒྲུབ་གསོལ་འདེབས་ཀྱི་ལས་བྱང་དངོས་གྲུབ་རིན་པོ་ཆེའི་ཆར་འབེབ་གསལ་བར་བྱེད་པ་མཁའ་འགྲོའི་གདུང་བའི་གླུ་དབྱངས་>>ལས་འདི་ལྟར་གསུངས་འདུག

སློབ་དཔོན་ཆེན་པོས་གསོལ་འདེབས་ཀྱི་འཕྲིན་ལས་སོགས་རྩ་གསུམ་དྲིལ་སྒྲུབ་ཀྱི་གདམས་སྐོར་རྒྱས་པར་གསུངས་ནས་རིག་འཛིན་སྔགས་གྲུབ་ཡོངས་ཀྱི་རྒྱལ་པོ་སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་གཉེར་དུ་གཏད།མ་འོངས་པའི་ལས་ལྡན་འགའ་དང་བདུད་འཇོམས་རྡོ་རྗེའི་སྐྱེ་ཕྲེང་ཕྱི་མའི་ཆོས་སྐལ་དུ་དགོངས་ནས།སྒྲོལ་བྱེད་ནག་པོའི་མཁར་གསང་མཛོད་མཁའ་འགྲོའི་ཕུག་ཏུ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་ལ་བཀའི་གནང་བ་བསྩལ་ཏེ་གཏེར་ཏུ་སྦས།དེ་ཉིད་གཏེར་རིག་འཛིནར་རྒོད་ལྡེམ་འཕྲུ་ཅན་གྱི་སྐུ་སྐྱེ་ཕྱི་མ་དཔལ་ལྡན་འཇམ་དབྱངས་བླ་མ་ཞེས་པ་མཁས་གྲུབ་འགྲན་ཟླ་དང་བྲལ་བ་དེས་གནས་རྙིང་ཚོགས་པའི་གྲྭ་སར་སྐུ་གཞོན་ནུའི་སྐབས་གསན་སྦྱོང་མང་དུ་མཛད།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། <<རྩ་གསུམ་དྲིལ་སྒྲུབ་གསོལ་འདེབས་ཀྱི་ལས་བྱང་དངོས་གྲུབ་རིན་པོ་ཆེའི་ཆར་འབེབ་གསལ་བར་བྱེད་པ་མཁའ་འགྲོའི་གདུང་བའི་གླུ་དབྱངས་>>

གསུམ་པ། གཏེར་སྟོན་དཔལ་ལྡན་འཇམ་དབྱངས་བླ་མ་རྒོད་ལྡེམ་གྱི་ཡང་སྲིད་དང་རྣམ་སྤྲུལ་ཡིན་དང་མིན་གང་ཡང་མི་གསུངས་མཁན་གྱི་ཕྱོགས་བཤད་པ།

གོང་དུ་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱིས་གསན་ཡིག་ནང་གཏེར་སྟོན་འཇམ་དབྱངས་བླ་མའི་གཏེར་ཆོས་རྣམས་ཀྱི་ལུང་རྒྱུན་དེ་སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་གཏུགས་མེད་པས་ཁོང་ཅག་གིས་གཏེར་སྟོན་འདི་གཏེར་སྟོན་རང་རྐྱ་བ་གཅིག་ལས་རྒོད་ལྡེམ་པའི་ཡང་སྲིད་དང་རྣམ་སྤྲུལ་སོགས་ལ་ངོས་འཛིན་གནང་གི་མེད་པ་གསལ་པོ་ཡིན། དེ་དང་ཕྱོགས་མཚུངས་ <<མྱང་ཆོས་འབྱུང་>>ནང་རྗེ་བཙུན་ཏཱ་ར་ན་ཐས་མྱང་སྟོད་ཀྱི་འབྲས་མོ་དགོན་པའི་17སྐོར་གསུང་པའི་ཞོར་ལ་སློབ་དཔོན་པདྨས་<<རྩ་གསུམ་དྲིལ་སྒྲུབ་>>ཀྱང་ཕྱོགས་འདིར་ཡོད་པའི་ལུང་པ་གཡུ་ཤེལ་རི་དཀར་པོ་བྱ་བ་དེར་གཏེར་དུ་སྦས་པ་དང་། ཕྱིས་གཏེར་སྟོན་དཔལ་ལྡན་འཇམ་དབྱངས་བླ་མའམ་གུ་རུ་དཔལ་ལྡན་འཇམ་དབྱངས་བླ་མ་མྱང་སྟོད་དུ་འཁྲུངས། དེས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོས་སྐོར་རྣམས་་དང་ལྕགས་ཕུར་ཞིག་ཀྱང་གཏེར་ནས་སྤྱན་དྲངས་པར་གསུངས་པ་ཙམ་ལས་ཁོང་པ་རྒོད་ལྡེམ་པའི་ཡང་སྲིད་དང་སྐྱེ་བ་དེ་བཞིན་རྣམ་སྤྲུལ་སོགས་གང་ཡང་གསུངས་མེད།  རྗེ་བཙུན་ཏཱ་ར་ན་ཐ་དང་ཧ་ལམ་དུས་མཉམ་དུ་བྱོན་པ་ཟབ་བུ་ལུང་ཀརྨ་མི་འགྱུར་དབང་གི་རྒྱལ་པོས་གཏེར་སྟོན་ཆོས་འབྱུང་>>ནང་རྩ་བའི་མྱང་ཆོས་འབྱུང་ནང་གསུངས་པ་དང་ཚིག་འགྲོས་སོགས་གང་ཅིར་མི་འདྲ་ས་པོ་ཡོད་མོད། དཔལ་ལྡན་འཇམ་དབྱངས་བླ་མ་རིག་འཛིན་རྒོད་ལྡེམ་ཀྱི་ཡང་སྲིད་དང་སྐྱེ་བ་དེ་བཞིན་རྣམ་སྤྲུལ་སོགས་གང་ཡང་གསུངས་མེད། དེ་རྗེས་གོང་ས་ལྔ་པ་ཆེན་པོས་རྡོ་རྗེ་བྲག་རིག་འཛིན་ངག་གི་དབང་པོའི་རྣམ་ཐར་<<ངོ་མཚར་བཀོད་པ་རྒྱ་མཚོ>>>མཛད། ཡིག་ཆ་འདིའི་ནང་རིག་འཛིན་ངག་གི་དབང་པོའི་སྐུ་གོང་མ་ལེགས་ལྡན་རྡོ་རྗེ་དང་། དེའི་སྐུ་གོང་མ་རིག་འཛིན་རྒོད་ལྡེམ་རྣམས་ཀྱི་རྣམ་ཐར་རྒྱ་མི་ཆུང་བ་དང་ཁུངས་དག་པོ་བཀོད་ཡོད་མོད། རིག་འཛིན་རྒོད་ལྡེམ་གྱི་ཡང་སྲིད་དཔལ་ལྡན་འཇམ་དབྱངས་བླ་མ་ཟེར་བ་ལྟ་ཅི་ཁོང་གི་མཚན་ཙམ་ཡང་བཀོད་མེད།18 དེ་བཞིན་་བྲག་མཁར་རྟ་སོ་ཆོས་ཀྱི་དབང་ཕྱུག་༼༡༧༧༥–༡༨༣༧༽གིས་ཀྱང་ཀརྨ་མི་འགྱུར་གྱི་ཚིག་འགྲོས་ཇི་བཞིན་དྲངས་ནས་དཔལ་ལྡན་འཇམ་དབྱངས་བླ་མ་རྒོད་ལྡེམ་པའི་ཡང་སྲིད་ཡིན་མིན་སོགས་གང་ཡང་གསུངས་མེད།19

བཞི་པ། བྱང་གཏེར་པ་ཚོས་གཏེར་སྟོན་དཔལ་ལྡན་འཇམ་དབྱངས་བླ་མ་ལ་གཟིགས་སྟངས།

གོང་དུ་དོན་ཚན་དང་པོར་བྱང་གཏེར་པ་ཆོས་རྒྱལ་དབང་པོའི་སྡེའམ་བཀྲ་ཤིས་སྟོབས་རྒྱལ་གྱིས་གཏེར་སྟོན་བརྒྱ་རྩའི་མཚན་སྡོམ་གསོལ་འདེབས་ནང་འཇམ་དབྱངས་བླ་མའི་མཚན་སྨྲོས་ཤིང་དེའི་འགྲེལ་པ་འགྲེལ་པ་ཀརྨ་མི་འགྱུར་དབང་གི་མཛད་པའི་<<གཏེར་སྟོན་ཆོ་འབྱུང་ནང་>>ནང་གཏེར་སྟོན་རིག་འཛིན་རྒོད་ལྡེམ་དང་། བ་ཁལ་སྨུག་པོ་དང་། དཔལ་ལྡན་འཇམ་དབྱངས་བླ་མ། དེ་བཞིན་གུ་རུ་ཡེ་ཤེས་ཁྱུང་གྲགས་དང་སྤྱི་སྟོན་མགོན་པོ་རྒྱལ་རྣམས་ནི་ཕུར་པའི་ཕྱོགས་སུ་གཏོགས་པ་ཡིན་གསུངས་པ་དང་། ནང་བསྟན་དཔེ་མཛོད་ཁང་གིས་འཇམ་དབྱངས་བླ་མའི་གཏེར་ཆོས་<<རྩ་གསུམ་དྲིལ་སྒྲུབ་ཀྱི་གསོལ་འདེབས>>དེ་བྱང་གཏེར་གྱི་ཁོངས་སུ་བཏང་འདུག

འོན་ཀྱང་བྱང་གཏེར་པ་ཚོར་མཚོན་ན་རིག་འཛིན་རྒོད་ལྡེམ་ནི་ཁོང་ཅག་གི་བསྟན་པའི་བདག་པོ་དང་སྲོལ་གཏོད་པ་པོ་ནི་ཡིན་པས་གལ་སྲིད་གཏེར་སྟོན་དཔལ་ལྡན་འཇམ་དབྱངས་བླ་མ་རྒོད་ལྡེམ་གྱི་སྐུ་སྐྱེ་དེ་མ་ཐག་པ་ཞིག་དང་བྱང་གཏེར་གྱི་བསྟན་པ་འཛིན་མཁན་ཞིག་ཡིན་ན་དེ་ལ་གཙིགས་ཆེན་པོ་དགོས་ངེས་ཀྱང་དེ་ཡོད་པར་མི་སྣང་སྟེ། བྱང་གཏེར་གྱི་བླ་མའི་རྣམ་ཐར་དཔེར་ན། <<བླ་མ་རྣམས་ཀྱི་རྣམ་ཐར་འོད་ཀྱི་འཕྲེང་བ>>20 <<བྱང་གཏེར་བླ་མ་བརྒྱུད་པའི་རྣམ་ཐར་བསམ་ཕེལ་མ་ཎི་ཀའི་འཕྲེང་བ>> <<བརྒྱུད་པའི་གསོལ་འདེབས>>21  <<བྱང་གཏེར་བླ་མ་བརྒྱུད་པའི་རིམ་པ།>> ལྷག་པར་དུ་རིག་འཛིན་ཡོལ་མོ་སྤྲུལ་སྐུ་བསྟན་འཛིན་ནོར་བུས་༼༡༥༨༩–༡༦༤༤༽རྒོད་ལྡེམ་གྱི་<<སྐྱེ་ཕྲེང་གསོལ་འདེབ་པདྨ་དཀར་པོའི་>>ནང་འདི་ལྟར་གསུངས་ཏེ།

ཧས་པོ་རི་ལ་མེ་ཤོར་ཕུར་བུས་ཟློག ། ཕྲིན་ལས་བཀའ་བབས་དབུ་སྒྲའི་ལན་ཕྲན་དཀར། །

ཕུར་བུ་སྡིགས་ཚུལ་རཀྴའི་ཕྲེ་བ་འདྲེན། ། རྡོ་རྗེ་བདུད་འཇོམས་ཞབས་ལ་གསོལ་བ་འདེབས། །

བསྟན་པ་སྐྱོང་སྤེལ་བའི་ལུང་ཐོབ་ནས། ། མཁྱེན་པ་རྨད་བྱུང་ལོ་ཙཱ་རབ་བྱུང་ཚུལ། །

ཐལ་སྦྱོར་ཨུཏྤལ་དཀར་པོའི་ཡུ་བ་འཛིན། །ཁྲོ་ལོ་བྱམས་པ་དཔལ་ལ་གསོལ་བ་འདེབས། །

གུ་རུའི་ཐུགས་ཏིག་མང་ངག་ཀུན་གྱི་བདག ། རྒོད་ཀྱི་ལྡེམ་འཕྲུལ་ལ་སོགས་རྟགས་བཅུ་གསུམ། །

ཡོངས་རྫོགས་ས་གནོན་མཉམ་བཞག་ཕྱག་རྒྱ་ཅན། །དངོས་གྲུབ་རྒྱལ་མཚན་གང་དེར་གསོལ་བ་འདེབས། །

སྤྲུལ་པ་ཉེར་ལྔ་སྟོན་ལས་ཀུན་གྱི་གཙོ། །མང་བཀུར་རིགས་འཁྲུངས་བགྲེས་ཚུལ་དབང་ཆས་ལྡན། །

ཆོས་འཆད་མཉམ་བཞག་སྟེང་ན་གླེགས་བམ་འཛིན། །ལེགས་ལྡན་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །

རྩོད་དུས་སྙིགས་མ་ལྔ་བདོའི་མུན་གླིང་འདིར། །གསང་ཆེན་ཆོས་ཀྱི་སྒྲོན་མེ་གཅིག་པུ་པ། །

རྡོ་རྗེ་ཐོད་འཛིན་དབང་རྟགས་ཅོད་པཎ་འཛིན། །ངག་གི་དབང་པོའི་ཞབས་ལ་གསོལ་བ་འདེབས། །

སླར་ཡང་བེ་ཤྭ་དཀྐིའི་ལུང་བཞུན་དུ། །ལྷ་རིགས་སུམ་ལྡན་རྡོ་རྗེ་འཛིན་པའི་ཚུལ། །

ཆོས་གོས་རྣམ་གསུམ་གང་ཞུ་རྡོ་དྲིལ་ཅན། །པདྨ་འཕྲིན་ལས་ཞབས་ལ་གསོལ་བ་འདེབས། ། ཅེས་གསུངས་པས་རྒོད་ལྡེམ་པའི་སྐྱེ་ཕྲེང་རྣམས་ནི། །

ཡོལ་མོ་སྤྲུལ་བསྟན་འཛིན་ནོར་བུ། རིག་འཛིན་རྒྱལ་བའི་སྐྱེ་རབས་གསོལ་འདེབས་ཚིགས་སུ་བཅད་པ་དྲི་མེད་པདྨ་དཀར་བཞད་པ། ཤོག ༣༣༠ ནས། ༣༣༡

ཅེས་གསུངས་པས་རྒོད་ལྡེམ་པའི་སྐྱེ་ཕྲེང་རྣམས་ནི། །

༡༽  སྣ་ནམ་རྡོ་རྗེ་བདུད་འཇོམས།  ༢༽  ཁྲོ་བུ་ལོ་ཙཱ་བ་འབྱམས་པ་དཔལ། ༣༽  རིག་འཛིན་རྒོད་ལྡེམ། ༤༽  རིག་འཛིན་ལེགས་ལྡན་རྡོ་རྗེ།  

༥༽  རིག་འཛིན་ངག་གི་དབང་པོ། ༦༽  རིག་འཛིན་པདྨ་འཕྲིན་བཅས་བགྲངས་པ་ལས་དཔལ་ལྡན་འཇམ་དབྱངས་བླ་མ་ཟེར་བ་ཞིག་གང་དུའང་བགྲངས་མེད། དེ་དང་ཕྱོགས་མཚུངས་༧གོང་ས་ལྔ་པ་ཆེན་པོས་ཀྱང་རྡོ་རྗེ་བྲག་གི་རིག་འཛིན་ངག་གི་དབང་པོའི་རྣམ་ཐར་<<ངོ་མཚར་བཀོད་པ་རྒྱ་མཚོར>>གོང་གི་སྐྱེ་ཕྲེང་གསོལ་འདེབས་ཀྱི་ཡིག་ཆ་འདི་གཞི་བཟུང་ནས་རིག་འཛིན་རྒོད་ལྡེམ་དང་། ལེགས་ལྡན་རྡོ་རྗེ། དེ་ནས་རིག་འཛིན་ངག་གི་དབང་པོ་བགྲངས་བ་ལས་དཔལ་ལྡན་འཇམ་དབྱངས་བླ་མ་བགྲངས་རྒྱུ་ལྟ་ཅི་ཁོང་གི་མཚན་ཙམ་ཡང་རྣམ་ཐར་ཡང་མཇལ་རྒྱུ་མེད་དོ། འོ་ན་གསན་ཡིག་གངྒའི་ཆུ་རྒྱུན་ནང་གསུངས་པ་འདི་ཅི་ཡིན་ཟེར་ན། དེ་ནི་བདེན་མོད། བྱང་གཏེར་བླ་བརྒྱུད་ཀྱི་རྣམ་ཐར་འཆད་པའི་སྐབས་དཔལ་ལྡན་འཇམ་དབྱངས་བླ་མ་བགྲངས་མེད་པས་དེས་ཁོང་པ་གཏེར་སྟོན་བྱེ་བྲག་པ་གཅིག་ལས་བྱང་གཏེར་པ་ཞིག་མིན་པ་དང་། བྱང་གཏེར་པ་ཞིག་ཏུ་བཞེད་ནའང་བྱང་གཏེར་གྱི་བསྟན་པ་ལ་རིག་འཛིན་ལེགས་ལྡན་རྡོ་རྗེ་ལྟ་བུའི་ཕྱག་རྗེས་མེད་མཁན་ཞིག་ཏུ་ངོས་འཛིན་གནང་བ་གསལ་པོ་ཡིན།  མདོར་ན། དཔལ་ལྡན་འཇམ་དབྱངས་བླ་མ་དེ་རིག་འཛིན་རྒོད་ལྡེམ་གྱི་ཡང་སྲིད་དང་རྣམ་སྤྲུལ་གང་ཡིན་ཀྱང་གཏེར་སྟོན་བྱེ་བྲག་པ་ཞིག་ལས་རིག་འཛིན་རྒོད་ལྡེམ་གྱིས་སྲོལ་གཏོད་པའི་བྱང་གཏེར་གྱི་བསྟན་པ་ལ་ཕྱག་རྗེས་མེད་མཁན་ཞིག་ཡིན་ངེས་རེད།


ཁུངས་གཏུགས་སའི་ཡིག་ཆ།

ཀརྨ་མི་འགྱུར་དབང་གི་རྒྱལ་པོ། <<གཏེར་བཏོན་བརྒྱ་རྩའི་མཚན་སྡོམ་གསོལ་འདེབས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་འགྲེལ་པ་ལོ་རྒྱུས་གཏེར་བཏོན་ཆོས་འབྱུང་>> རྡོ་རྗེ་གླིང་། ༡༩༧༨

ཀུན་བཟང་ངེས་དོན་ཀློང་ཡངས། <<རྙིང་མའི་སྐྱེས་མཆོག་རིམ་བྱོན་གྱི་རྣམ་ཐར>> དམ་ཆོས་བཟང་པོ། ༡༩༧༦

གུ་རུ་བཀྲ་ཤིས། <<གུ་བཀྲའི་ཆོས་འབྱུང་>> ཀྲུང་གོའི་བོད་ཡིག་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༠

ངག་དབང་བློ་བཟང་རྒྱ་མཚོ། <<ཟབ་པ་དང་རྒྱ་ཆེ་བའི་དམ་པོའི་ཆོས་ཀྱིབ་ཐོབ་ཡིག་གངྒའི་ཆུ་རྒྱུན>> གསུང་འབུམ། པོད། ༼    ༣   ༽ ཀྲུང་གོའི་བོད་རིག་པ་དཔེ་

སྐྲུན་ཁང་། ༢༠༠༩

ངག་དབང་བློ་བཟང་རྒྱ་མཚོ། <<བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ>> གསུང་འབུམ། པོད།༼   ༡༡ ༽    ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩

ངག་དབང་འགྱུར་མེད་སོགས། <<གཞི་རྩེའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས>> བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥

ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་ལམ་དབང་པོའི་སྡེ། <<བརྒྱུད་པའི་གསོལ་འདེབས>> ཤོག ༡༥ ནས། ༢༣

ཇོ་ནང་ཏཱ་ར་ན་ཐ། <<མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས>> བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༢

འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། <<གཏེར་སྟོན་བརྒྱ་རྩའི་རྣམ་ཐར>> བོད་ལྗོངས་མི་དབངས་དཔེ་སྐྲུན་ཁང་། ༢༠༠༧

ཉི་མ་བཟང་པོ་། <<རིག་འཛིན་དངོས་གྲུབ་རྒྱལ་མཚན་གྱི་རྣམ་ཐར་ཉི་མའི་འོད་ཟེར>> སྔ་འབྱུར་བྱང་གཏེར་ཆོས་སྐོར་ཕྱོགས་བསྒྲིགས པོད། ༼   ༥༩   ༽   ༢༠༡༥

<<ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་བའི་འདུས་སྡེའི་ཆོས་སྤྱོད་རབ་གསལ>> སྔ་འབྱུར་བྱང་གཏེར་ཆོས་སྐོར་ཕྱོགས་བསྒྲིགས། པོད། ༼   ༦༡ ༽   ༢༠༡༥

པདྨ་འཕྲིན་ལས། <<འདུས་པ་མདོ་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་དད་པའི་ཕྲེང་བ>> བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང་། ༢༠༡༧

སྤྲུལ་སྐུ་ཚུལ་ཁྲིམས་བློ་གྲོས། <<བྱང་གཏེར་བླ་མ་བརྒྱུད་པའི་རིམ་པ།>> གསུང་འབུམ། པོད། ༼    ༡༦ ༽   པར་མཁན་མི་གསལ། ༢༠༡༤

བྲག་མཁར་རྟ་སོ་སྤྲུལ་སྐུ་ཆོས་ཀྱི་དབང་ཕྱུག   << སྐུ་གསུམ་བརྒྱུད་པ་དྲུག་ལྡན་གཏེར་སྟོན་བཀྲ་ཤིས་གྲངས་མེད་ཀྱི་གསོལ་འདེབས་ཀྱི་འགྲེལ་པ་གཏེར་སྟོན་ཆོསའབྱུང་>> གསུང་འབུམ། པོད། ༼    ༡༣ ༽    མཁན་པོ་བཤད་གྲུབ་བསྟན་འཛིན། ༢༠༡༡

བྱ་བཏང་ཕྱག་རྡོར་ནོར་བུ། <<བྱང་གཏེར་བླ་མ་བརྒྱུད་པའི་རྣམ་ཐར་བསམ་འཕེལ་མ་ཎི་ཀའི་འཕྲེང་བ>> སྔ་འབྱུར་བྱང་གཏེར་ཆོས་སྐོར་ཕྱོགས་བསྒྲིགས། པོད།༼   ༥༩   ༽   ༢༠༡༥

བཟང་པོ་གྲགས་པ། <<སྙིང་ཏིག་གནད་ཀྱི་མན་ངག་དོན་བདུན>> སྔ་འབྱུར་བྱང་གཏེར་ཆོས་སྐོར་ཕྱོགས་བསྒྲིགས པོད། ༼    ༣ ༽   ༢༠༡༥

ཡོལ་མོ་སྤྲུལ་བསྟན་འཛིན་ནོར་བུ། <<རིག་འཛིན་རྒྱལ་བའི་སྐྱེ་རབས་གསོལ་འདེབས་ཚིགས་སུ་བཅད་པ་དྲི་མེད་པདྨ་དཀར་བཞད་པ།>> སྔ་འབྱུར་བྱང་གཏེར་ཆོས་སྐོར་ཕྱོགས་བསྒྲིགས། པོད། ༼   ༡༢   ༽   ༢༠༡༥

རིག་འཛིན་རྒོད་ལྡེམ། <<སྙན་བརྒྱུད་དྲུག་གི་ཐོ་བྱང་སྙ་བརྒྱུད་རིན་པོ་ཆེའི་ལུང་བྱང་ཡེ་ཤེས་ཐུགས་ཀྱི་ལྡེ་མིག>> སྔ་འབྱུར་བྱང་གཏེར་ཆོས་སྐོར་ཕྱོགས་བསྒྲིགས པོད། ༼   ༡ ༽   ༢༠༡༥

ཤ་གཟུགས་པ་བཀྲ་ཤིས་རྣམ་རྒྱལ། <<ཟབ་ཁྱད་གཏེར་མའི་ལོ་རྒྱུས་གཏེར་སྟོན་ཆོས་འབྱུང་ནོར་བུའི་འཕྲེང་བ>> http://purl.bdrc.io/resource/MW2DB20795

སངས་རྒྱས་དཔལ་བཟང་། <<བླ་མ་རྣམས་ཀྱི་རྣམ་ཐར་འོད་ཀྱི་འཕྲེང་བ>>  ཤེས་རབ་རྒྱལ་མཚན་དང་། བླ་མ་ཟླ་བ། ༡༩༨༣

ལྷ་བཙུན་ནམ་མཁའ་འཇིགས་མེད། <<རྫོགས་ཆེན་རྣལ་འབྱོར་པ་ཀུན་བཟང་རྣམ་པར་རྒྱལ་བའི་ཐོབ་ཡིག>>ལྷ་བཙུན་བཀའ་འབུམ། པོད། ༼   ༤ ༽  ཆོས་སྤྱོད་པར་ཁང་། ༢༠༠༣

Uni, Hakuju and Munetada Suzuki, 1934, A complete Catalogue of the Tibetan Buddhist Cannons., Tokyo, Tokyo Imperial University.



Cite this blog post
tenpatsering (2024, May 27). དཔལ་ལྡན་འཇམ་དབྱངས་བླ་མ་ཞེས་པ་རིག་འཛིན་རྒོད་ལྡེམ་གྱི་ཡང་སྲིད་ཡིན་མིན་ལ་རོབ་ཙམ་དཔྱད་པ་བྲེ་མོའི་གཏམ།. Northern Treasures Histories. Retrieved June 22, 2024, from https://doi.org/10.58079/11q34

  1. གཏེར་སྟོན་བརྒྱ་རྩའི་རྣམ་ཐར། ཤོག ༢༩ ནས ༣༠ དབར། []
  2. བློན་པོ་ལྟ་བུའི་གཏེར་ཞེས་ཡོངས་སུ་བསྔགས་པ་ལྟར་མཐའ་དམག་ཟློག་པ་དང་། རིམས་ནད་གཅོད་པ། བོད་ཀྱི་ནང་འཁྲུག་ཞི་བར་བྱེད་པ། འགོང་པོ་ཨར་ལ་གཏད་པ། སྡེ་པའི་མངའ་ཐང་གསོ་བ། ས་ནད་དང་གཉན་ནད་འདུལ་བ་སོགས་ཀྱི་ཐབས་ཤེས་བྱང་མཛོད་ལྔའི་ནང་ཡོད་པར་གསུངས། ཞིབ་ཕྲ་༧ལྔ་པ་ཆེན་པོས་མཛད་པའི་བྱང་པ་རིག་འཛིན་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚོར་བཀོད་པ་རྒྱ་མཚོའི་ཤོག་གྲངས། ༤༨༦ ནས། ༤༨༧ ལ་གཟིགས། []
  3. ཁོང་ནི་དུས་རབས་བརྒྱད་པའི་ནང་བྱོན་ཅིང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བོད་དུ་གདན་འདྲེན་མཁན་གྱི་ཕོ་ཉའི་ཁྲོད་ནས་གཅིག་ཡིན་ལ། ཆོས་རྒྱལ་ཁྲི་སྲོང་གི་ཆོས་བློན་ཞིག་ཀྱང་ཡིན། ལྷག་དོན་ཁོང་ནི་ལོ་ཙཱ་བའང་ཡིན་ཏེ་བཀའ་འགྱུར་ཁྲོད་དུ་ཁོང་གིས་བསྒྱུར་བའི་དཔེ་ཆ་ཉུང་མཐར་གཉིས་མཆིས། རྒྱས་པ་གཟིགས་འདོད་ན། གུ་རུ་བཀྲའི་ཆོས་འབྱུང་། ཤོག ༡༧༢ ནས ༡༧༢ དང་། A complete catalogue of the Tibetan Buddhist Cannon ཡི་ཤོག་གྲངས. ༢༠༦ དང་། ༤༣༧ ལ་གཟིགས། []
  4. གཏེར་སྟོན་བཟང་པོ་གྲགས་པའི་གཏེར་མ། སྙིང་ཏིག་གནད་ཀྱི་མན་ངག་དོན་བདུན། ཤོག་གྲངས། ༢༨༩ ནས ༢༩༠ ལས་རིག་འཛིན་རྒོད་ལྡེམ་ལུང་བསྟན་ཚུལ་ནི། བྱང་ཕྱོགས་ཐོ་ཡོར་ནག་པོའི་ས་ཕྱོགས་སུཿ   རི་བོ་བཀྲ་བཟང་ཞེས་པའི་ཤར་འདབས་སུཿ  ཆུ་ཁམས་གླང་ལོ་སྨེ་བའི་མཚན་རྟགས་ཅནཿ   པད་མ་ང་ཡི་བྱིན་གྱིས་བརླབས་པཌྷི་རྟགསཿ སྤྱི་བོར་རྒོད་ཀྱི་ལྡེམ་འཕྲུ་ཡང་ཡང་འབྱུང་ཿ  ལས་ཅན་དེ་ལ་དགེ་བའི་བསྐུལ་འདེབས་མཛདཿ   སྤྱིར་དུ་ལས་དང་སྨོན་ལམ་སྟོབས་ཆེན་གྱིཿ  ངེས་པར་གཏེར་དེ་སྐྱེས་བུ་དེ་ཡིས་འདོནཿ གུང་ཐད་སྟོད་དུ་བདེ་སྐྱིད་འབྱུང་ལགས་ཀྱིཿ []
  5. རིག་འཛིན་རྒོད་ལྡེམ་པའི་གཏེར་མ། སྙན་བརྒྱུད་དྲུག་གི་ཐོ་བྱང་སྙ་བརྒྱུད་རིན་པོ་ཆེའི་ལུང་བྱང་ཡེ་ཤེས་ཐུགས་ཀྱི་ལྡེ་མིག་གི་ཤོག་གྲངས་༡༩༢ ནས ༡༩༣ ལས་རིག་འཛིན་རྒོད་ལྡེམ་ལུང་བསྟན་ཚུལ་ནི། རྡོ་རྗེ་བདུད་འཇོམས་སྐུ་ཡི་སྲསཿ ཁྲོ་བོའི་ཆ་བྱད་གཟི་བརྗིད་ཆེཿ གྲུབ་ཐོབ་རྒྱལ་པོ་ལུང་བསྟན་ཅནཿ   གནས་དེར་སྐྱེ་བའི་ཚུལ་བསྟན་ནསཿ ལུས་ཀྱི་སྤྱོད་པ་མ་ངེས་ཏེཿ ངག་ཏུ་མི་རྟོག་ཆོས་འཆད་འགྱུརཿ  ཡིད་ལ་ཡང་དག་སྙིང་པོ་སྒྲུབཿ ཉི་ཤུ་རྩ་ལྔ་ལོན་པའི་ཚེཿ ཡ་མཚན་རྟགས་དང་དངོས་གྲུབ་ཐོབཿ  བྱང་ཕྱོགས་གཉན་ཡུལ་ཟང་ཟང་ནསཿ   གསང་སྔགས་བསྟན་པའི་སྒོ་རྙེད་འགྱུརཿ ཆོས་སྒོ་ལྔ་བརྒྱ་ཕྲག་གཅིག་སྟོནཿ   སོགས་གསུངས་སོ། []
  6. སེ་སྟོན་ཉི་མ་བཟང་པོས་མཛད་པའི་རིག་འཛིན་རྒོད་ལྡེམ་གྱི་རྣམ་ཐར། རིག་འཛིན་དངོས་གྲུབ་རྒྱལ་མཚན་གྱི་རྣམ་ཐར་ཉི་མའི་འོད་ཟེར། ཤོག་གྲངས། ༡ ནས། ༧ དབར་ལ་གཟིགས། []
  7. བྱ་བཏང་ཕྱག་རྡོར་ནོར་བུས་མཛད་པའི་བྱང་གཏེར་བླ་མ་བརྒྱུད་པའི་རྣམ་ཐར་བསམ་འཕེལ་མ་ཎི་ཀའི་འཕྲེང་བ། ཤོག་གྲངས། ༤༧༥ ནས ༤༧༩ ལ་གཟིགས། []
  8. སྤྲུལ་སྐུ་ངོས་འཛིན་བྱེད་དགོས་པའི་རྒྱབ་ལྗོངས་ཀྱི་སྐོར་མཁྱེན་འདོད་ན་བླ་བྲག་སྐལ་བཟང་གིས་བྲིས་པའི་བོད་ཀྱི་སྤྲུལ་སྐུའི་རྣམ་བཤད། ཤོག་གྲངས། ༦ ནས ༩ བར་ལ་གཟིགས། []
  9. རིག་འཛིན་ལེགས་ལྡན་རྡོ་རྗེ་ནི་ []
  10. ནང་བསྟན་དཔེ་མཛོད་ཁང་(BDRC) ནས་གཏེར་སྟོན་འདི་དུས་རབས་བཅོ་ལྔ་ལ་བཞག་འདུག []
  11. ཁོང་ནི་གཏེར་ཁ་མང་པོ་ནས་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རྣམ་སྤྲུལ་དུ་ལུང་བསྟན་པ་ཙམ་དུ་མ་ཟད། པདྨ་འཕྲིན་ལས་ཀྱིས་མཛད་པའི་འདུས་པ་མདོ་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར། ཤོག ༢༦༦ ནང་ཁོང་པ་རིག་འཛིན་རྒོད་ལྡེམ་གྱི་སྐྱེ་བ་ཡིན་པ་ཞལ་བཞེས་མཛད་ཡོད། []
  12. གཏེར་བཏོན་བརྒྱ་རྩའི་མཚན་སྡོམ་གསོལ་འདེབས་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་འགྲེལ་པ་ལོ་རྒྱུས་གཏེར་བཏོན་ཆོས་འབྱུང་། ཤོག ༧༥ ནས། ༧༦ བར་ལ་གཟིགས། []
  13. ༧གོང་ས་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་ཟབ་པ་དང་རྒྱ་ཆེ་བའི་དམ་པོའི་ཆོས་ཀྱིབ་ཐོབ་ཡིག་གངྒའི་ཆུ་རྒྱུན། ཤོག ༢༥༡ ནས། ༢༥༣ []
  14. འཆང་མཐུ་སྟོབས་གྲགས་པས་མཛད་པའི་སྔགས་འཆང་མཐུ་སྟོབས་གྲགས་པའི་གསན་ཡིག ཤོག་གྲངས་ཟུབ་ཚར་བ་ཞིག་ལ་ན་གསལ། []
  15. ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱིས་མཛད་པའི་རྫོགས་ཆེན་རྣལ་འབྱོར་པ་ཀུན་བཟང་རྣམ་པར་རྒྱལ་བའི་ཐོབ་ཡིག>>  ཤོག། ༢༣༩ ནས། ༢༤༢ []
  16. གུ་རུ་བཀྲ་ཤིས། གུ་བཀྲའི་ཆོས་འབྱུང་། ཤོག ༤༨༩ []
  17. ཇོ་ནང་ཏཱ་ར་ན་ཐ། <<མྱང་ཆོས་འབྱུང་ངམ་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས>> ཤོག། ༣༢ ནས། ༣༣ ལྟར་ན་འབྲས་མོ་དགོན་ནི་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་སློབ་མས་ཕྱག་བཏབ་པར་གསུངས། ཤོག། ༣༢ ནས། ༣༣ ལྟར་ན་འབྲས་མོ་དགོན་ནི་འགྲོ་མགོན་གཙང་པ་རྒྱ་རས་ཀྱི་སློབ་མས་ཕྱག་བཏབ་པར་གསུངས། []
  18. ངག་དབང་བློ་བཟང་རྒྱ་མཚོ། བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་པར་ཐར་པ་ངོ་མཚར་བཀོད་པ་རྒྱ་མཚོ། ཤོག ༤༧༩ ནས། ༥༠༠   ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ []
  19. བྲག་མཁར་རྟ་སོ་སྤྲུལ་སྐུ་ཆོས་ཀྱི་དབང་ཕྱུག  སྐུ་གསུམ་བརྒྱུད་པ་དྲུག་ལྡན་གཏེར་སྟོན་བཀྲ་ཤིས་གྲངས་མེད་ཀྱི་གསོལ་འདེབས་ཀྱི་འགྲེལ་པ་གཏེར་སྟོན་ཆོསའབྱུང་། ཤོག ༤༦༠  []
  20. འདི་ནི་རྒོད་ལྡེམ་གྱི་སྲས་རྣམ་རྒྱལ་མགོན་པོའི་སློབ་མ་མཚན་ལྡན་རྣམ་གཉིས་སུ་གྲགས་པའི་ཞལ་སློབ་ཆོས་རྗེ་སངས་རྒྱས་དཔལ་བཟང་གིས་མཛད་པ་ཞིག་ཡིན། རྣམ་ཐར་འདི་ནི་བྱང་གཏེར་ལུགས་ཀྱི་བླ་མ་རྣམས་ཀྱི་རྣམ་ཐར་ཆེས་ཁུངས་བཙན་ཤོས་དང་། རྙིང་ཤོས་ཤིག་ཡིན། []
  21. ཆོས་རྒྱལ་དབང་པོ་སྡེའམ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་བརྒྱུད་པའི་གསོལ་འདེབས་འདི་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་བའི་འདུས་སྡེའི་ཆོས་སྤྱོད་རབ་གསལ་གྱི་ཤོག་གྲངས། ༢༩–༣༢ དབར་ལ་གསལ། []

Leave a Reply

Your email address will not be published. Required fields are marked *

This site uses Akismet to reduce spam. Learn how your comment data is processed.